མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱི་རྣམ་ཐར།

མཆོད་བརྗོད།

༄། །ༀ་སྭ་སྟི།བརྩེ་ལྡན་དཀྱིལ་འཁོར་གང་བ་རྒྱས་པའི་སྐུ།། 

དག་གསལ་འོད་སྟོང་གདུལ་བྱ་སྙན་པའི་གསུང་།།

ཆོས་དབྱིངས་མཐའ་ཡས་གཡོ་མེད་བརྩེ་ཆེན་ཐུགས།།

འཇིགས་མེད་ཀུན་གྲོལ་ཡོངས་ལའི་དཔལ་རི་བྱོན།།

གདུལ་བྱ་རྣམས་ལ་རྫོགས་ཆེན་དྲང་པོ་སྟོན།།

ཕྱི་དམག་མུ་སྟེགས་སྲིན་པོ་དམ་ལ་བཏགས།།

བསྟན་འགྲོ་ཡོངས་ཀྱི་སྐྱབས་པའི་དགོན་འཛིན་བྱས།།

འཇིགས་མེད་ཀུན་གྲོལ་སྙིང་ནས་དགའ་བའི་མཆོད།།

ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ལས་སྔོན་བརྗོད་དམ་མཆོད་པར་བརྗོད་པའི་ཚིག་གི་མེ་ཏོག་ཕུལ་ནས་ ཁ་བཞི་ལྷོའི་རྒྱལ་ཁབ་སྨན་ལྗོངས་ཙན་དན་བཀོད་པའི་ཞིང་ཁམས་ནང་མཁས་གྲུབ་འཇིགས་མེད་ཀུན་གྲོལ༼༡༧༥༠—༡༨༢༥༽ཞེས་པའི་རྙིང་མའི་བླམ་གཙོ་ཅན་གྱི་མཛད་བྱ་དང་རྣམ་ཐརགཤམ་གསལ་བཀོད་ནི་ཨིན། མཁས་གྲུབའཇིགས་མེད་ཀུན་གྲལ་འདི་ཁོ་རང་སྐུ་ན་ཆུང་དུས་ལས་ར་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུ་སློབ་གཉེར་མཛད། ཕྱི་མ་འཇིགས་མེད་གླིང་པའི་སློབ་མ་ལུ་་གྱུར་ཏེ་འབྲུག་ཡུལ་ནང་ཀློང་ཆེན་སྙིང་ཐིག་སྤེལ་མཁན་གྱི་མི་སྣ་གཙོ་བོ་ཨིན་ཟེར་ཆ་བཞགཔ་ཨིན། མཁས་གྲུབ་འཇིགས་མེད་ཀུན་གྲོལ་གདུང་བསམ་ཡོངས་ལ་ལུ་བྱོན་དེ་ བོད་འབྲུག་གཉིས་བྱིན་གྱི་རླབས་ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་གང་དྲག་བྱུང་ནུག།

མཁས་གྲུབ་འཇིགས་མེད་ཀུན་གྲོལ་གི་མཚན་འཇིགས་མེད་ཀུན་གྲོལ་ནམ་རྒྱལ། བྱང་ཆུབ་རྒྱལ་མཚན། མོན་ལྷ་འཇིགས་མེད་ཀུན་གྲོལ་ཟེར་ཡང་ཞུ་གསོལ་འདུག།

སྐབས་དོན་གྱི་ངོ་སྤྲོད།

ཞིབ་འཚོལ་འདི་ནང་ གཏེར་སྟོན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་སློབ་མ་གཙོ་བོ་ཡོངས་ལ་དགོན་པའི་ བླམ་རིན་པོ་ཆེ་མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱི་ འཁྲུངས་ཡུལ་ལས་འགོ་བཙུགས་ཏེ་ བོད་ཆིམས་ཕུར་ལུ་ འབད་དང་བསྩོལ་བའི་སྒོ་ལས་ གསང་སྔགས་སྙིང་མ་རྫོགས་པ་ཆེན་པོའི་ཆོས་ཡོངས་རྫོགས་བླངས། ལོག་མཁའ་འགྲོའི་ལུང་བསྟན་དང་འཁྲིལ་ འབྲུག་ལུ་བྱོན་ཏེ་ ཤར་ཕྱོགས་ཡོངས་ལ་ལུ་བཞུགས་ཏེ་ དད་མོས་ཅན་གྱི་སྐྱེ་བོ་ལུ་ རྫོགས་ཆེན་སྙིང་ཐིག་གི་ཆོས་གསུང་མི་སྐོར་ལས་དང་ དེ་ན་མི་དམང་ལུ་གནོད་པའི་ལྷ་སྲིན་སྡེ་བརྒྱད་ཚོགས་དམ་ལུ་བཏགས་པའི་ལོ་རྒྱུས་བདོར་ཙམ་ཤམ་གསལ་བཀོད་དེ་ཡོད།



བརྗོད་དོན་དང་པ་མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱི་འཁྲུངས་ཡུལ་གྱི་སྐོར་དང་སྐུ་ན་གཞོན་པའི་ལོ་རྒྱུས།

གདུང་བསམ་ཡོངས་ལ་རི་བོ་དཔལ་བར་དར་རྒྱས་ཆོས་གླིང་དགོན་པ་འདི་སྙིང་མའི་གསང་སྔགས་ཡོངས་ཀྱི་བཙུག་བརྒྱན་ ཀུན་མཁྱེན་ཀློང་ཆེན་རབས་འབྱམས་ཀྱིས་ཡེ་ཤེས་ཀྱི་སྐུ་ཡི་དངོས་སུ་བྱིན་གྱི་བརླབས་པ་ དང་ འབྲུག་བོད་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཡི་ཡེ་ཤེས་ཀྱིས་དགོངས་པས་གནས་ཙ་རི་དང་འདྲ་བའི་གདན་ས་བཅའ་མཁན་མཁས་གྲུབ་འཇིགས་མེད་ཀུན་གྲོལ་འདི་སྔོན་མ་གཞུང་ཞབས་རྒྱལ་ས་ལྟེ་བ་ཐིམ་ཕུའི་གཡུས་ཝང་དར་ལུང་ཁ་ལུ་སྐུ་འཁྲུངས་ནུག།

བླ་མ་རིན་པོ་ཆེ་འདི་སྐུ་ན་གཞོན་པའི་དུས་ལས་རང་དམ་པའི་ཆོས་ཞབས་སུ་ལུས་ངག་ཡིད་གསུམ་གྱི་སྒོ་ལས་བརྩོན་སྡོད་རུང་ དུས་དེ་ནང་དཔལ་ལྡན་འབྲུག་པའི་སྒར་སྟོ་གཟན་ལུ་ཚུད་དེ་ ལོ་དག་པ་ཅིག་ཆོས་རྩེའི་སྒོ་ཁར་ཤ་གཉེར་གྱི་འགན་ཁུར་གནངམ་བཞིན་དུ་ ཁོ་ར་ལུ་སྤྲོ་བ་མེད་རུང་ལོ་དྲུག་ཙམ་ སེམས་ཅན་གྱངས་ཁ་མ་ཆོདཔ་བསད་དགོཔ་བྱུང་ནུག།

ཤ་གཉེར་འབད་བའི་དུས་ལུ་ཡང་འཇིགས་མེད་ཀུན་གྲོལ་འདི་ཐུགས་འགྱོད་ཚད་མེད་བསྐྱེད། མི་དགེ་བ་སྡིག་པའི་ལས་རྐྱངམ་ཅིག་སྤང་ནི་ལུ་མགུ་གཏད་དེ་ ཤ་གཉེར་སྦེ་ དགོངས་ཞུའི་གསོལ་འདེབས་ ཚར་ག་དེམ་ཅིག་ཕུལ་རུང་ བཀའ་དྲིན་མ་བསྐྱངས་མས།

ད་རུང་ལོ་ལྔ་དེ་ཅིག་ཕྱག་ཞུ་སྟེ་དགོངས་ཞུ་གསོལ་འདེབས་ཞུ་རུང་འཐོན་འགྱོ་ནིའི་གནང་བ་མ་འཐོབ་ལས་ཁོ་རང་དམ་ཆོས་བསྒྲུབ་ནིའི་དད་པ་སྙིང་ཐག་པ་ཡོད་པའི་ཤུགས་ཀྱི་ དེ་ནང་ལས་གསང་བའི་ཐོག་བྱོག'བྱོན་ནུག། མཁས་གྲུབ་ཁོ་རང་ཀྲོང་གསར་ལས་བྱོག་བྱོན་པའི་སྐབས་འཁོར་བ་ལུ་ངེས་འབྱུང་སྐྱོ་ཤེས་དང་སྡིག་པ་ལུ་འགྱོད་སེམས་ཚད་མེད་པ་བསྐྱེད་ ཉིན་མཚན་མེད་པར་ཟས་གོས་ཡང་མ་དྲན་པར་ གང་ཅན་གྱི་ཕྱོགས་སུ་བརྩོན་ རྩ་བའི་བླམ་ཡིད་ལུ་བསམ་སྟེ་ སྔོན་གྱི་ལས་དང་སྨོན་ལམ་རྣམས་པར་དག་པའི་མཐུས་ཏེ་ བསམ་ཡས་ཆིམས་ཕུར་ལུ་ ལྷོད་ནུག།

བརྗོད་དོན་གཉིས་པ་བསྟན་འགྲོའི་སྐྱབས་རིག་འཛིན་འཇིགས་མེད་གླིང་པ་ལས་ཆོས་ལུང་དབང་ལུང་ཁྲིད་སོགས་རིམ་བཞིན་གསན་པའི་སྐོར།

བསམ་ཡས་ཆེམས་ཕུར་ལུ་གཏེར་སྟོན་རིག་འཛིན་འཇིགས་མེད་གླིང་པ་དང་མཇལ། ལུས་ངག་ཡིད་གསུམ་གྱི་དད་པ་བསྐྱེད་བླ་མ་རིན་པོ་ཆེ་མཁྱེན་ཟེར་སྐྱབས་གནས་འཛིན་ཏེ་སྙན་དུ་ཞུཝ་ད།

གཏེར་སྟོན་འཇིགས་མེད་གླིང་པ་གྱིས་ཡང་ འགྲོ་བ་དང་སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་པའི་རྟེན་འབྲེལ་གནམ་མེད་ས་མེད་བཟང་ཟེར་ ཨ་མའི་བུ་ལུ་གཅེས་པར་འཛིན་དོ་བཟུམ་སྦེ་ཆོས་ལུང་དབང་ལུང་ཁྲིད་དང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་དང་སྔགས་སྙིང་མའི་བཀའ་གཏེར་ཡོངས་རྫོགས་གནང་བ་དང་མཚན་ཡང་འཇིགས་མེད་ཀུན་གྲོལ་ཟེར་བཏགས་གནང་ནུག།

མཁས་གྲུབ་འཇིགས་མེད་ཀུན་གྲོལ་ཁོ་ར་ལོ་ངོ་བཅོ་ལྔ་ཙམ་ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ དང་སྤོ་བ་བསམ་གཏན་འཁོར་ལོ་སྤྲོས་མེད་གཙོ་བོ་ཉམས་ལེན་མཛད་དེ་ རྫོགས་པ་ཆེན་པོ་སྟ་བསྒོམ་གྱི་གནས་ག་ར་མངོན་དུ་འགྱུར་ འཕགས་པའི་ལམ་གྱིས་དོན་མངོན་སུམ་རྟོགས་ཏེ་ བླ་མ་དང་ཐུགས་དགོངས་མཉམ་ལུ་འགྱུར་ཏེ་བཞུགས་ཡོདཔ་ཨིན་མས།

བརྗོད་དོན་གསུམ་པ་ལུང་བསྟན་དང་ལོག་འབྲུག་ལུ་འཕེབས་སྟེ་བསྟན་པ་དར་བའི་སྐོར།

བླམ་རིན་པོ་ཆེ་ཡིས་ མཁའ་འགྲོའི་ལུང་བསྟན་དང་འཁྲིལ་འབྲུག་ཡུལ་མོན་མཚམས་ལུ་སྒང་གི་དབྱིབས་རྫམ་ཆེན་པོ་ཁ་སྤུབས་པ་ལྟ་བུའི་རྩ་བ་ཆོས་འབྱུང་གྲུ་གསུམ་རྩེ་ནི་ཕུར་པའི་གནས་ཨིནམ་ལས་གནས་ཆེན་ཙ་རི་གཉིས་པ་ལུ་འགྱུར་སྲིད་ཟེར་ལུང་བསྟན་ནང་གཟིགས་ནུག། དེ་མ་ཚད་བསྟན་འགྲོ་ཡོངས་ལུ་གནས་པའི་མཐའ་དམག་གི་ཁ་གནོན་ཕྱི་དམག་བཟློག་ཅིང་ མོན་ཡུལ་གྱི་ལྷ་ཀླུ་སྡེ་བརྒྱད་བཏུལ་བ་ཅིན་ སྤྱིར་གངས་ཅན་གྱི་ལྗོངས་ལུ་ཕན་ཐོག་ནི་དང་བྱེ་བྲག་ཏུ་ འབྲུག་རྒྱལ་ཁབ་ཀྱི་བསྟན་པ་ལུ་ཕན་ཐོགས་སྦོམ་བྱུང་ནི་མས་ཟེར་བཀའ་ལུང་གནང་བ་བཞིན། མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱི་ བླ་མའི་ཕྱག་ཞབས་སྤྱི་བོར་བླངས་ཏེ་ ལྷོ་བྲག་ལས་མོན་ལ་དཀར་ཅུང་མདའ་སྟེ་བུམ་ཐང་ཕྱོགས་ལུ་བྱོན། དེ་ནང་ལས་བུམ་ཐང་ཨུ་ར་ཝང་ཐང་ལའི་རྩེ་མོ་བྱོན་དེ་ བླ་མའི་ལུང་བསྟན་པའི་གནས་འདི་ དེ་ནང་ ཨིན་ན་ཟེར་ཐུགས་ཞེས་གནང་ ལོ་གསུམ་ཞུགས་པའི་སྐབས།

མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཞལ་གཟིགས་ ལུང་བསྟན་པའི་གནས་ཡོངས་ལ་དཔལ་རི་ཨིན་ཟེར་ བུ་ཁྱོད་དེ་ནང་སོང་སྟེ་བསྟན་འགྲོའི་དོན་ཆེན་འགྲུབ་པར་འགྱུར་ཟེར་ལུང་བསྟན་དང་འཁྲིལ་ ཡོངས་ལ་ལུ་བྱོན་ཏེ་སྙིང་པོའི་སྒྲུ་པ་ལུ་བཞུགསཔ་ད་འབར་བ་གསུམ་དང་འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས། གནས་ཆེན་པོ་དེ་ནང་གཡས་གཡོན་ལས་མཆོག་དམན་གྱི་སྐྱེ་བོ་ལེ་ཤ་དད་མོས་དང་བསྟུན་ཏེ་ཚོགས་མི་ལུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་པའི་དུས།

སྤྱི་ལོ་༡༨༦༥ལུ་རྒྱ་གར་ལས་ཕྱི་རོལ་མུ་སྟེགས་ཕྱི་གླིང་པའི་དམག་གིས་ཚོགས་གྱངས་ཁ་མེདཔ་འཐོན་ཀུམ་རི་ཀ་ཏྲར་ཟེར་མི་ས་ཁོངས་ནང་དམག་སྒར་བཅའ། དེ་ལས་ འཕྲལ་འཕྲལ་འབྲུག་ཕྱོགས་ཀྱི་ལཱ་བཅད་ཤིང་ རྒྱ་གར་གྱི་ཞིང་ག་ར་འཕྱོག་ ཤ་ལི་རྫོང་ཡང་མེ་བཏངམ་ལས་ གདུང་བསམ་རྒྱ་དྲུང་ཡང་ཉིན་མཚན་མེད་པར་ཚ་གྱང་ལང་སྟེ་ ཆོས་ཞབས་ལུ་སྙན་ཞུའི་ཞུ་ཡིག་ཡང་ཡང་ཕུལ་རུང་ བཟང་ངན་གྱི་བཀའ་ལེན་མེད་པར་ རྒྱ་དྲུང་ཁོ་ར་གྱི་དམག་རྐྱབ་ན་མི་ཉུང་བའི་དབང་གི་ ནུས་པ་མཉམ་མ་ཚུགསཔ་ལས་སྐྱ་སྡུག་ཐབ་དགོཔ་བྱུང་ནུག།

དེ་བསྒང་ ཚབས་ཆེན་གྱི་གནས་སྟངས་གི་སྐོར་ལས་ཆོས་ཞབས་ཀྱིས་ གཞུང་ཞབས་ལུ་སྙན་ཞུ་ཕུལ་ཏེ་ བཀའ་གྲོས་ཡུན་རིང་སོང་བ་ལས་ རྒྱ་དྲུང་གི་མནོ་བསམ་ལུ་ འབྲུག་ལུ་ནང་པ་སངས་རྒྱས་ཀྱི་བསྟན་པ་ཉི་ཤུ་ཙམ་ཡོད་རུང་ ཁོང་ཕྱི་རོལ་ཕྱི་གླིང་པའི་ ཡང་དག་པའི་ཆོས་གནས་མཁས་གྲུབ་འཇིགས་མེད་ཀུན་གྲོལ་ཨིནམ་ལས་ ཁོ་གིས་སྐྱབས་འཚོལ་ ཞལ་གྱིས་བཞེས། དེ་ལས་གསོལ་འདེབས་དང་བཅས་རིན་པོ་ཆེ་ལུ་ཡོ་བྱེད་ཕུལ་ཏེ་དམག་བཟློག་པའི་ཐབས་ཞུཝ་ད་ བླམ་རིན་པོ་ཆེ་ཕུར་པའི་སྒྲུབ་པ་ལུ་བདུན་ཕྲག་གཅིག་ གནང་སྟེ་ གཏོར་རྒྱབ་རྒྱ་ཕྱོགས་ལུ་འཕེན་པའི་ཤུལ་ གློ་བུར་དམའ་སྒར་མེ་འབར་ཏེ་ སྒར་བཅའ་མི་འདི་ཚུ་ག་ར་མེས་འཚིག། ཆོ་འཕྲུལ་ལུ་བརྟེན་ཕྱི་རུ་བུད་མེད་སྦྲུལ་ཆེན་པོ་འཐོན་ དེ་ནང་ལུ་ཡོད་པའི་གླང་སྨྱོ་སྟེ་དམག་མི་ལུ་བརྡུང་བ་དང་བསད་དེ་  དམག་མི་ལྷག་ལུས་ཚུ་བྱ་ཐབས་མེད་པར་སླར་ལོག་འགྱོ་དགོཔ་འཐོན་ནུག།

དེའི་ཤུལ་ལས་ རྒྱ་དྲུང་གིས་ཆོས་ཞབས་ལས་གཞུང་ཞབས་ཀྱི་བླ་དཔོནབླ་མ་སྡེ་སྲིད་དགེ་འདུན་དམང་ལྷན་རྒྱས་ཚུ་ལུ་རྣམས་པར་རྒྱལ་བའི་སྙན་ཞུའི་ཡི་གུ་གསལ་ཏོག་ཏོ་སྦེ་ཕུལ། གཞུང་བླ་མ་སྡེ་སྲིད་དང་དགེ་འདུན་དམང་ལྷན་རྒྱས་ཚོགས་ཞལ་འཛོམས་ཐོག་ལས་སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་པའི་དབུགས་དབྱུང་བ་གི་མ་ཚད་པར་ ཁྱད་པར་མཐུ་ཆེན་ངག་དབང་རྣམ་རྒྱལ་གྱི་བསྟན་པ་ལུ་མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱིས་ནུས་པ་དང་མཐུ་སྣ་ཚོགས་སྟོན་ཏེ་ཕྱི་དམག་ཀྱི་ཁ་གནོན་མཛདཔ་ལས་ བསྟན་པ་ལུ་ཕན་པ་རྒྱ་ཆེ་སྟིང་ཟབ་པ་བྱུང་ནི་དེ་གིས་ ཐུགས་དགྱེས་ཆེན་པོའི་གསོལ་རས་གནང་བ་དང་ ལོགས་སུ་སྦེ་ བཀའ་དྲིན་དགའ་ཚོར་བསམ་གྱི་མི་ཁྱབ་པར་ཡོད་ཟེར་ཞུ་ནུག།

དུས་དེ་ལས་ཕར་ཡོངས་ལའི་དགོན་པ་ལུ་ འཁོར་བ་མ་སྟོངས་ནམ་མཁའ་མ་འཇིག་པའི་བར་ ཡུན་བརྟེན་སྦེ་རྒྱལ་བའི་བསྟན་པ་ཡར་ངོའི་ཟླ་ལྟར་དར་ཞིང་རྒྱས་ཏེ་ སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་སྦོམ་འབྱུང་བ་ལས་ གཞུང་གི་བཀའ་དྲིན་དགའ་ཚོའི་རྟེན་འབྲེལ་ལུ་ དར་སྣ་ལྔ་གནང་སྟེ་ བླ་ཆེན་གྱི་འགོ་སར་བཀོད་མཛད་དེ་ཁྲི་མངའ་གསོལ་ནུག།

ལྷག་པར་དུ་ བླ་མ་རིན་པོ་ཆེའི་ གདན་ས་ལྷ་ཁང་རྟེན་གསུམ་ཡར་རྒྱས་བཞེངས་ ནང་པའི་བསྟན་པ་ཕུན་སུམ་ཚོགས་པའི་བར་ན་ རྒྱ་གར་གྱི་ཁམས་པ་ཅིག་ཤི་སྟེ་རོ་ལང་ལུ་འགྱུར། དེ་ན་ལུ་སྡོད་པའི་མི་སེར་ ཚོང་ལཱ་འབད་བར་འགྱོཝ་ད་ ལམ་བཀགཔ་ལས་ ལོག་རྒྱ་དྲུང་ཁང་མ་རྣམ་རྒྱལ་གྱིས་བླམ་རིན་པོ་ཆེ་ལུ་གསོལཝ་བཏབ་ད་ བླམ་གིས་རོ་ལང་ཕུག་ལུ་ཉིནམ་གུང་ཞག་བདུན་ཕྲག་གཅིག་བཞུགས་ཏེ་ རོ་ལང་དམ་ལུ་བཏགས་ཏེ་ དེའི་ཡོན་ལུ་ རིན་པོ་ཆེའི་ནོར་ཕྱུགས་བཙུགས་ས་རོ་ལང་ཕུག་ དང་ དེ་ནའི་འགན་འཛིན་གཙོ་བོ་ དང་མི་དམངས་ཀྱི་དད་གུས་ཆེན་པོའི་སྒོ་ལས་ སྤང་ཟོར་དང་བསོད་རྣམས་པད་དཀར་གཉིས་ རིན་པོ་ཆེའི་ནོར་གྱི་ཙྭ་འབྲོག་འབད་ཕུལ། 

དེའི་རྗེས་སུ་ གྲུ་ཕུང་ཇོ་མོ་ཟེར་མི་འདིའི་ གདམ་མེད་ས་མེད་གདུག་རྩུབ་ཆེ་བ་ཀྱིས་ ཡར་མར་འགྲོ་འགྲུལ་འབད་མི་ མི་ལུ་མེ་འཕུ་མ་སྟེར་བར་ སེར་བ་དང་རླུང་འཚུབས་ རྡོ་ཚུ་འབབབས་སྒྲིལ་བཏངམ་ལས་། དེ་ན་ལ་ས་སྲུང་མི་སྦ་གླིང་གི་བུ་དང་མཁར་གཙོར་གྱི་ མི་དམངས་ཚུ་གི་ ལོག་རིན་པོ་ཆེ་ལུ་གསོལཝ་བཏབ་ལས་ བླམ་ཕུང་གི་རྩེ་ལུ་སྐུ་ཞག་ཉི་ཤུ་སྒྲུབ་པ་བཞུགས་ཏེ་ དམ་ལུ་བཏགས་མི་ཡོན་ལུ་ ས་སྲུང་པ་དང་མཁར་དམང་གིས་རིན་པོ་ཆེ་ལུ་ ནོར་གྱི་རྩྭ་འབྲོག་ཕུལ་ནུག།

མཁས་གྲུབ་འཇིགས་མེད་ཀུན་གྲོལ་ ཡོངས་ལ་དགོན་པ་ལུ་ རྫོགས་པ་ཆེན་པོའི་ཆོས་སྤེལ་བའི་ཤུལ་ དབང་འདུས་ཤར་ལུ་བདེ་ཆེན་ཆོས་གླིང་ལྷ་ཁང་གཞི་བཙུགས་གནང་བ་དང་ སྤྱིར་འབྲུག་བྱང་ཕྱོགས་ལུ་ རྫོགས་པ་ཆེན་པོའི་ཆོས་ཐེང་གཉིས་པ་དར་བའི་ དགའ་ཚོར་འདི་ བླམ་རིན་པོ་ཆེ་མཁས་གྲུབ་འཇིགས་མེད་ཀུན་གྲོལ་ བསམ་དགོཔ་ཨིན།

བླ་མ་རིན་པོ་ཆེ་ མཁས་གྲུབ་འཇིགས་མེད་ཀུན་བྲལ་ནི་ གདུང་བསམ་ཡོངས་ལ་དགོན་པ་ གསང་སྔགས་སྙིང་མི་གཏེར་ཆེན་པོ་ཡོངས་ཀྱི་གཙུག་རྒྱན་ཅིག་ལུ་འགྱུར་དེ་ སྤྱིར་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་ ཐམས་ཅད་་ལུ་ ཕན་ཐོགས་རྒྱ་ཆེ་བ་མཛད་དེ་ སྤྱི་ལོ་ ༡༨༢༥ ལུ་ 

མྱ་ངན་ལས་འདས་ནུག་གོ།།

མཇུག་བསྡུ།

མཁས་གྲུབ་འཇིགས་མེད་ཀུན་གྲོལ་གྱིས་ སངས་རྒྱས་ཀྱི་བསྟན་པ་ལུ་དབུགས་དབྱུང་བ་དང་སྤྱིར་རྫོགས་ཆེན་གྱི་ཆོས་དར་བ་དང་མཐུ་དང་ནུས་པ་ཡ་མཚན་ཆེ་བའི་སྒོ་ལས་སྟོན་ཏེ་ ཕྱི་དམག་བཟློག་པ་གི་མ་ཚད་པར་ བསྟན་པ་ལུ་ཕན་པ་རྒྱ་ཆེ་བ་བྱུང་མི་ལུ་ ད་ལྟོ་ནང་པི་ཆོས་ལུ་དད་མོས་ཡོད་མི་ཚུ་གི་ བཀའ་དྲིན་བསམ་དགོཔ་ཨིན། དེ་དང་འབྲེལ་བླམ་རིན་པོ་ཆེའི་ཕྱག་བཏབ་མངའ་འེག་བདག་ཏུ་འཛིན་མི་ ཡོངས་ལ་རི་བོ་དཔལ་འབར་དར་རྒྱས་ཆོས་གླིང་དགོན་པ་ འདི་ རྒྱ་གར་གི་ཕྱི་དམག་གི་ཁ་གནོན་གཙོ་བོ་ཨིནམ་ལས་ ཇི་སྐད་དུ།

ཤར་སྟོད་རིགས་གསུམ་དགོན་པ་དང་།།ཤར་སྨད་ཡོངས་ལ་དགོན་པ་གཉིས།།རྒྱ་དང་བོད་ཀྱི་ཁ་གནོན་ཨིན།། ཟེར་ཡོངས་གྲགས་སྦེ་ཁྱབ་སྟེ་ཡོད།

མཇུག་སྨོན།

རྫོགས་ཆེན་སྤེལ་མཁན་འཇིགས་མེད་གུས་པས་བཅས།།

བདག་གི་བསྡུ་བསྒྲིག་བྱས་པའི་རྣམ་ཐར་འདིས།།

སློབ་གཉེར་བྱེད་མཁན་རྒྱུ་སྐར་ཚོགས་རྣམས་ཀྱིས།།

དྲན་ཤེས་ཡར་ངོའི་ཟླ་ལྟར་གསལ་བར་སྨོན།།






རྒྱབ་བརྟེན་ཡིག་ཆ།

༡༽མངོན་ཐོ་ཁྲིམས་འདུན་གྱི་ཞིབ་འཚོལ་ཡིག་ཚང་གི་བསྡུ་བསྒྲིག་འབད་བའི་ཡོངས་ལ་དཔལ་རི་དགོན་པའི་བླ་བརྒྱུད་ཀྱི་རྣམ་ཐར།

༢༽བླམ་བསོད་ནམས་བཟང་པོའི་མཛད་པའི་གདུང་བསམ་ཡོངས་ལ་རི་བོ་དཔལ་འབར་དར་རྒྱས་ཆོས་གླིང་ཇི་ལྟར་ཕྱག་ཚུལ་དང་བླ།མ་རྣམས་ཀྱི་མགོ་རིམ་ཟེར་བའི་ཡིག་ཆ།

༣༽དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ཞིབ་འཚོལ་དགོ་དཔོན་རྡོ་རྗེ་དཔལ་འབྱོར་གྱི་བསྡུ་བསྒྲིག་འབད་བའི་ཡོངས་འབྲེལ་གྱི་ འཇིགས་མེད་ཀུན་གྲོལ་རྣམ་རྒྱལ་ཟེར་བའི་ཡིག་ཆ།



བཀའ་དྲིན་ཆེ།